སྔོན་གླེང།
ང་ཚོ་བོད་གངས་ཅན་པ་ཚོའི་ཕ་རྩ་མ་བརྒྱུད་གླེང་ཡོང་དུས། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྱང་སེམས་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་བཅས་ཆེ་ས་མཐོ་ས་ནས་བཤད་རྒྱུ་ཡོད་པས། ང་ཚོ་ལ་མི་རིགས་གཞན་གྱིས་མཐོང་སྣང་དམིགས་བསལ་མ་བྱས་རུང་། ང་ཚོས་སོ་སོས་སོ་སོར་དམིགས་བསལ་གྱི་རིན་ཐང་དང་མཐོང་ཆེན་བརྩི་དགོས་རྒྱུ་གལ་ཆེན་པོ་རེད།
གཞུང་དངོས།
དཔྲལ་བའི་རི་མོ་གཅིག་མཚུངས་སུ་དོད་པའི་སྤུན་གྲོགས་ཚོའམ་མིང་སྲིང་ཚོ། ང་ཚོ་བོད་གངས་ཅན་པའི་ཆགས་འཇིག་གི་གནས་སྟངས་ལ་ལྟོས་དང་། ང་ཚོས་སེམས་ནང་དུ་གང་བསམ་དགོས་པ་དང་ལག་ལེན་ཅི་ཞིག་ལ་འཇུག་དགོས་ས་འདུག ང་ཚོ་གཞིས་བྱེས་གཉིས་སུ་གྱེས་སོང་བའི་ཁ་བ་ཅན་གྱི་མི་རིགས་འདི། སུས་གཏོར་སོང་། སུ་ཡིས་བརྙས་སོང་། ང་ཚོའི་མི་རིགས་ཙམ་མ་ཡིན་པར། ང་ཚོའི་ཕ་ས། ཕ་ཆོས། ཕ་ནོར། ཕ་སྐད། ད་དུང་ཕ་མེས་ཡང་མེས་བརྒྱུད་ནས་ཡོང་བའི་ང་ཚོའི་ལམ་དང་ལུགས་སྲོལ། གཤིས་འཇམ་རྒྱུད་དྲངས། ཡ་རབས་ཚུལ་མཐུན་བཅས་བཟང་ཕྱོགས་ཀྱི་ཁྱད་ཡོན་ཡོད་ཚད་སུས་བཅོམ་སོང་།
ད་ང་ཚོས་གང་ནས་སློང་། གང་དུ་བཙལ། སུ་ལ་ཞུ། སུས་ང་ཚོ་ལ་ཐུགས་རྗེས་གཟིགས། སུས་ང་ཚོ་ལ་བྱིན་གྱིས་བརླབས། སུ་ཡིས་ང་ཚོའི་ལམ་སྣ་དྲོངས། ནམ་ཞིག་ན་ང་ཚོ་བོད་ཁ་བ་ཅན་གྱི་ཞིང་ཁམས་དེར་འཛོམས་ཤིང་མི་རིགས་གཞན་ལས་ཁྱད་དུ་འཕགས་པའི་དཔལ་ཡོན་ལ་རོལ་རྒྱུའི་བསྐལ་བཟང་ཤར་ཡོང་། བོད་ཁ་བ་ཅན་གྱི་སྤུན་ཟླ་ཚོ།
ང་ཚོ་ནི་མགོན་པོ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། བོད་གདོང་དམར་བ། དཔའ་ལ་མཛངས་པའི་ཡོན་ཏན་ཅན། རིགས་བརྒྱུད་བཟང་ལ་ཤེས་འཇོན་གཉིས་ལྡན་གྱི་བཙན་པོ་བུ་བརྒྱུད། འཛམ་གླིང་མཐོ་སྒང་གི་བཙན་ས་བཟུང་བའི་དཔའ་བོའི་ཤུལ་འཛིན་བོད་གངས་ཅན་པ་མ་ཡིན་ནམ།
ང་ཚོས་ཕ་ས་བསྐྱུར་ནས་ས་མཐར་བྲོས། མདུན་ལམ་བོར། རང་གི་ཁྱད་ཡོན་དོར་ནས་གཞན་གྱི་ར་མ་ལུག་གི་གཤིས་སྤྱོད་ལ་ལད་ཟློས་ཀྱིས་རིན་ཐང་ཆེ་བའི་མི་ཚེ་དེ་དར་སྣེ་རླུང་གིས་ཟད་པ་ལྟར་རྫོགས་བཅུག་ན་ག་ནས་འགྲིག ཡང་ན། ང་ཚོས་རང་ཁྱིམ་ནས་གཞན་གྱི་བརྙས་བཅོས་ཁུར། ངོ་དགའ་སྤྲེལ་ལད་འཁྲབ། ཁྲ་ཁྲ་ཟིང་ཟིང་གི་འཚོ་བ་ལ་ཡིད་སྨོན་བྱེད་ནས་བག་མེད་ལོངས་སྤྱོད་ཀྱི་འཚོ་བར་རོལ། གཞན་གྱི་ལྐོག་གཡོ་ལ་མི་བལྟ་ཞིང་རང་གི་ཚེ་སྲོག་ལ་མི་གཅེས་པར་རང་རིགས་ཕན་ཚུན་ནང་དམེ་འཁྲུག་རྩོད་ཀྱིས་ཕ་མེས་ཀྱི་དུར་ས་དེ་ཡ་ང་རུ་གཏོང་ན་དེ་ལས་ཀྱང་ག་ནས་འགྲིག
ད་འོ་ན་ང་ཚོ་བོད་གངས་ཅན་པ་ཚོ། ས་ལ་འཛུལ་གནམ་ལ་མཆོང་བར་ན་ལྡིང་། ཅི་ཞིག་བྱེད་དགོས་སམ།
རང་རང་གིས་བསམ་བློ་ཐོངས། མི་རིགས་སུ་འདྲ་ཞིག་ཡིན་རུང་། རང་རང་ལ་ལ་རྒྱ་དང་སྤོབས་པ་ཞེན་ཁོག་བཅས་ཡོད་པ་ཡིན་པས། ང་ཚོ་བོད་གངས་ཅན་པ་ཚོ་ལའང་ལོས་ཡོད། ང་ཚོ་བོད་ཀྱི་མི་རིགས་འདི་མི་རིགས་གསར་པ་ཞིག་མ་ཡིན་པར་གནའ་ནས་ད་ལྟའི་བར་ལོ་རྒྱུས་བྲིས་ནས་ཡོང་བ་དང་། བྱས་རྗེས་བཞག་ནས་ཡོང་ཡོད་པའི་མི་རིགས་ཤིག་རེད། གང་ལྟར་ང་ཚོ་བོད་མི་རིགས་འདི་འཇིག་རྟེན་འདིའི་སྒང་གི་མི་རིགས་ཤིག་ཡིན་པས་ང་ཚོ་ལ་དབང་བའི་འཇིག་རྟེན་ཡོད་ལ། ང་ཚོས་ངེས་པར་དུ་ཁུར་དགོས་པའི་འགན་འཁྲི་ཡང་ཡོད། དེས་ན། འཇིག་རྟེན་འདིའི་བདེ་སྡུག་དང་རང་མི་རིགས་ཀྱི་འཚོ་གནས་ལའང་འབྲེལ་བ་ཆེན་པོ་ཡོད་པ་ཡིན། ང་ཚོ་བོད་མི་རིགས་འདི་ལ་མི་གྲངས་ག་ཚོད་ཡོད་ཀྱང་སྐྱིད་སྡུག་ཅིག་རེད། སྐྱིད་སྡུག་དེ་གཅིག་མཚུངས་སུ་མཉམ་མྱོང་བྱེད་རྒྱུ་ལས་ཆེ་ཆུང་དང་རེས་མོལ་བྱ་རྒྱུ་གང་ཡང་མེད། སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་ཡང་རྒན་པ་ཚོ་ཤི་ན་གཞོན་པ་ཚོ་ངུ་དགོས་པ་དང་། གཞོན་པ་ཚོས་རྩེད་མོ་རྩེས་ན་རྒན་པ་ཚོ་གད་མོ་བགད་དགོས་པ་ལྟ་བུ་ཙམ་ལ་གོ་རྒྱུ་མ་ཡིན་པར། ཕྱུག་སྤྲང་རྒན་གཞོན་ཡོད་ཚད་ཀྱིས་རང་རང་གི་གོ་ས་ནས་རང་མི་རིགས་ཀྱི་ལ་རྒྱ་མི་ཤོར་བར་རྩ་དོན་གཙིགས་སུ་འཛིན་ནས་རྩ་དོན་ལ་ཐུག་དུས། ཐབས་ལ་མཁས་པས་ཐབས་དང། ཤེས་རབ་ལྡན་པས་ཤེས་རབ། འབྱོར་པ་ལྡན་པས་འབྱོར་པ། དཔའ་སྙིང་ཅན་ཚོས་དཔའ་སྙིང་ལོངས་སུ་སྤྱད་ནས་དཀའ་སྡུག་མཉམ་དུ་མྱོང་དགོས་པ་དེ་རེད།
ཡང་རྩ་དོན་ཟེར་བ་དེ་ནི། ང་ཚོ་བོད་རིགས་ཡོངས་རྫོགས་གཞིས་བྱེས་ལྷན་དུ་འཛོམས་ནས་བོད་ཀྱི་ས་ཆུ་རི་ལུང་ཡོད་ཚད་ལ་རང་དབང་གིས་ལོངས་སུ་སྤྱོད་ཆོག་པ་ཙམ་མ་རེད་། ང་ཚོས་ཕ་ས་ཟིན་ཞིང་ཕ་ཆོས་ལག་ཏུ་ཐོབ། ཕ་ནོར་ལོངས་སུ་སྤྱོད། ཕ་སྐད་གཙང་མ་གླེང་། གཤིས་བཟང་གཞུང་དྲངས་དང་ཡ་རབས་ཚུལ་མཐུན་གྱི་ངོ་བོ་དེ་མཁའ་ཡི་མདངས་འདྲ་བར་རང་བཞིན་ཅན་དུ་མངོན་པར་བྱ་རྒྱུ་དེའོ། །
བོད་རང་བཙན་ཡིན་ནའང་འདྲ། བོད་རང་དབང་ཡིན་ནའང་འདྲ། གང་ལྟར་ག་རེ་ཐོབ་པ་ཡིན་ནའང་རེད། གང་ཡང་མ་ཐོབ་པ་ཡིན་ན་ཡང་རྩ་དོན་དེ་ནི་ང་ཚོས་ནམ་ཡང་སྒྲུབ་དགོས་པ་དང་སྲུང་དགོས་པའི་རང་བཞིན་ཅན་རེད།
མདོར་ན། ང་ཚོ་བོད་ཀྱི་མི་རབས་གསར་པ་ཚོས་རང་རང་གིས་འགན་འཁྲི་དང་ལེན་གྱིས་རང་ནས་འགོ་བརྩམས་ཏེ་རང་རང་གི་བུ་དང་བོུ། སྤྲུན་དང་སྲིང་མོ། ཚ་བོ་ཚ་མོ། གྲོགས་པོ་དང་གྲོགས་མོ་བཅས་ལ་ནམ་ཡང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཤིས་ཀ་ངོ་ཚ་ཤེས་ཤིང་ཁྲེལ་གཞུང་ལྡན་པ་དང་། ཆེ་བཀུར་ཆུང་སྐྱོང་གི་ལག་ལེན་རང་གཤིས་སུ་འབྱར་བཅུག་པ་བྱ་རྒྱུ་དང་། ལྷག་པར་རིག་གཞུང་གི་གཙོ་གྲས་སྐད་ཡིག་གཙང་མར་བཀོལ་སྤྱོད་ཐུབ་པར་གཞོགས་འདེབས་བྱ་རྒྱུ་དང། ཆོས་ལུགས་ཀྱི་ཉམས་ལེན་གྱི་གཞི་རྩ་ར་འཕྲོད་པར་བྱ་རྒྱུ་དེ་ཚོ་ནམ་ཡང་སེམས་ནས་བོར་མི་ཉན་ལ་ངེས་པར་ལག་ལེན་དུ་བསྟར་དགོས་པ་བཅས་རེད།
སྡུག་ཡུས་ཆེ་དྲགས་ན་ཡང་ངུ་འབོད་ནི་འདི་ལས་མེད།
ལར་ཞེན་ཆེ་དྲགས་ན་ཡང་སེམས་གཏམ་ནི་འདི་ལས་མེད།
དེ་རིང་དེ་ཙམ་དུ་ཡིན་སོང་པ་འདྲ། རྗེས་ནས་གོ་སྐབས་འདྲ་བྱུང་ན་མུ་མཐུད་དུ་འབྲིའོ། །
No comments:
Post a Comment